text
stringlengths
11
25.2k
དགྲ་བགེགས་རྩད་ནས་ཆོད་པ་ཞིག་བྱོན་པ་ཡིན། དཔོན་ཉི་མ་སེང་གེའི་སྲས་ལ། དཔོན་ཉི་མ་འོད་ཟེར་ནི། གཞོན་ནུ་མ་ལ་ས་བདག་གི་སྐྱོན་བྱུང་ནས། ལྷ་ས་ཕྱོགས་ལ་བྱོན་པས། ཨ་ཙ་ར་ཕྱག་ན་རྡོ་རྗེའི་གྲུབ་ཐོབ་གཅིག་དང་མཇལ་ཏེ།
ཁོང་གི་གསུང་ནས་ཁྱོད་ཀྱི་ནད་འདི་ཁྱོད་རང་གི་སྒྲུབ་ནུས་ན། ངས་ཕན་འདོགས། གདམ་ངག་ཟབ་ཏུ་སྟེར་གསུངས་བས། ཅིས་ཀྱང་ད་ལྟ་རང་ནས་ཞུ་སྒྲུབ་པ་ལོས་ཀྱང་བྱེད་ལགས་ཞུས་པས། ཕྱག་ན་རྡོ་རྗེ་ཁྱུང་ལྔའི་ཆོས་སྐོར་ཐམས་ཅད་མ་ལུས་པར་རྫོགས་པར་གནང་ནས། སྒྲུབ་པ་བྱས་པས་ལུས་པོའི་མཛེ་འབྲུམ་དང་།
སྐྱེ་ལོང་དང་། ཆུ་ཁུར་བུར་ལ་སོགས་པའི་མི་མཛེས་པ་ཐམས་ཅད་འབག་ཡིད་ཕུད་པ་བཞིན་བིད་བུད་ནས། ཟླ་བ་དགུ་ཙམ་ན་སྐུ་གཟི་མདངས་ཤིན་ཏུ་ཆེ་བར་བྱུང་། ཁྱུང་ལྔའི་སྒྲུབ་པ་ཡང་མྱུར་དུ་ཐོབ་ནས། ཆོས་སྐྱོང་དངོས་སུ་འཁོལ་བ་བྱུང་། དེའི་སྲས་སློབ་དཔོན་ཇོ་གྲུབ་འོད་ཟེར་བྱ་བ་སྔགས་པ་ནུས་པ་ཅན་ཞིག་ཡོད་པས།
དེས་ཕྱག་གཡོན་ལུང་གི་ཕུ་ཆུང་དུ་སློབ་དཔོན་ལྷོ་པ་ལ་ཐུག་ནས། རྡོ་རྗེ་ཕུར་པའི་སྒྲུབ་པ། བཤད་པ། དབང་། གདམ་ངག་ཕྲན་ཚེགས་དང་བཅས་པའི་ཆོས་བཀའ་མ་ལུས་པར་ཞུས། རྡོ་རྗེ་ཕུར་པའི་གྲུབ་པ་ཐོབ།
སྔགས་རྙིང་མའི་ཆོས་ལ་མཁས་པར་བྱུང་ནས་དྲེགས་པ་མཐུའི་བདག་ཉིད་དུ་བྱུང་། ཁོང་ལ་སྲས་སློབ་དཔོན་འཇོག་ཡང་དང་། ཇོ་སྲས་དཀོན་མཆོག་སྐྱབས། མཁན་ཆེན་ནམ་མཁའ་སེང་གེ་གསུམ་འཁྲུངས། སློབ་དཔོན་འཇོག་ཡང་ལ་སྐུ་ནས་གཞོན་ནུ་མ་ལ་ཇོ་མོ་ཁུ་མོ་བཀྲས་སྨན་བླངས་པས། ཐུགས་མཐུན་ཞིང་སྐུ་བསོད་ཤིན་ཏུ་ཆེ་བར་བྱུང་སྟེ།
སྲས་ཀྱང་མཁན་ཆེན་ནམ་མཁའ་རྒྱལ་པོ། དཔོན་ཆེན་པོ་སེང་གེ། སློབ་དཔོན་རྡོ་རྗེ། དཔོན་ཆེན་བློ་གྲོས། རྒྱན་མགོ་ཉི་མ་གྲགས་དང་སྐུ་མཆེད་ལྔ་འཁྲུངས་སོ། ཇོ་སྲས་དཀོན་མཆོག་སྐྱབས་ཀྱིས་ཕྱག་ན་རྡོ་རྗེའི་གྲུབ་པ་ཐོབ་པ།
རྡོ་རྗེ་ལེགས་པ་དངོས་སུ་བསྐུལ་ནུས་པ་བྱུང་སྟེ། ཁོང་གི་ཐུགས་དགོངས་ལ། གསེར་གྱི་འབུམ་ཅིག་འགྲུབ་ན་དགོངས་པ་བྱུང་པས། དགེ་བསྙེན་རྡོ་རྗེ་ལེགས་པ་ན་རེ། སྡད་པས་ག་ན་འགྲུབ་ཕྱོགས་སུ་སྐྱོགས་ལ་གཤེགས་འགྲུབ་པ་ཡོང་ཟེར་ནས། གཉལ་སྟོད་ན་མར་བྱོན་པས།
ཁོང་ལ་གྲུབ་ཐོབ་ཀྱི་གྲགས་པ་ཤིན་ཏུ་ཆེ་བར་བྱུང་ནས། སོམས་ཅན་ལ་ཕན་ཆ་ཡང་ཆེར་བཏགས་པས། འབུམ་བཞེང་བའི་ཤོག་བུ་འབུལ་མཁན་བྱུང་། དེ་ནས་ཚུར་ཕྱགས་ཕེབས་ནས་འབུམ་བྲིས། ཆོས་སྐྱོང་ལ་གཏང་རག་གི་ཕུད་གཏོར་བས། ཆོས་སྐྱོང་རྔམས་པ་བཞིན་བྱས་ནས།
ཕུད་ཕོར་ནམ་མཁའ་ལ་དངོས་སུ་ཁྱེར་བ་བྱུང་བ་ཡིན། དེ་ལ་སོགས་པའི་རྟགས་ལེགས་པར་བྱུང་ཞིང་། ཆོས་སྐྱོང་དངོས་སུ་འཁོལ་བ་བྱུང་བ་ཡིན། མཁན་ཆེན་ནམ་མཁའ་སེང་གེས། དགུང་ལོ་བཅུ་གསུམ་ལ། དགྲ་བཅོམ་པ་རྦལ་ཏི་ཇོ་སྲས་ཀྱི་ཞབས་ལ་གཏུགས་རབ་བྱུང་མཛད།
འདུལ་བ་བསླབས། རྔལ་གྱིས་ཏི་ཀ་ཆེན་མོ་དང་། བཀའ་པོད་བཞི་ལ་བཤད་ཉན་མཐར་ཕྱིན་ཁྲོ་མཛད། དེ་ནས་སྔོན་གྱི་འབྲེལ་པས་རྒྱ་མའི་སངས་རྒྱས་དབོན་སྟོན་དང་མཇལ་བས། ཁོང་གི་གསུང་ནས། ཚེ་དང་ལྡན་པ་ཚུལ་ཁྲིམས་མགོ་ཐོན་པ་འོང་གི་གསུངས།
བྱིན་གྱིས་བརླབས་པ་ནན་ཆེ་བར་མཛད། མི་གཡོ་བ་དཀར་པོ་པུས་བཙུགས་ཀྱི་སྐོར་ལ་སོགས་པ་དམིགས་པ་སྐོར་གསུམ་རྫོགས་པར་གནང་། སྒྲུབ་པ་མཛད་པས་ཞལ་གཟིགས་གྲུབ་པ་ཐོབ། དེ་ནས་བྱང་ཆུབ་སེམས་དཔའ་དོན་སྟེང་པ་ལ། སྒྲོལ་མ་ཞལ་གཟིགས་ཀྱི་བརྒྱུད་པའི་བཀའ་ཆོས་རྒྱུད་ཐམས་ཅད་ཞུས། སྒྲུབ་པ་མཛད་པས་ཞལ་གཟིགས།
ལར་ན་ཁོང་གིས་དམ་ཚིག་གསུམ་བཀོད། མི་གཡོ་བ། སྒྲོལ་མ། འཛམ་ལྷ། ཚོགས་བདག་སྔགས་བསྲུངས་ཨེ་ཀ་ཛ་ཏི་རྣམས་ཀྱི་ཞལ་གཟིགས། མི་ལབ་པ་བཞིན་ཡི་དམ་ལྷ་ལ་ཞུས་པས་ཅི་བསམས་འགྲུབ་པ་བྱུང་།
གསུང་གི་དངོས་གྲུབ་ཐོབ་པ་ཡིན་ཏེ། ཁོང་གི་རིང་ནས་བཀའ་གདམས་རིན་པོ་ཆེའི་བཀའ་སྲོལ་བཙུགས་པ་ཡིན། ཁོང་ཡར་བཅད་དུ་སྔགས་བཙུན་དང་། ཇོ་སྲས་སུ་བཞུགས་ཡོད་པ་ཡིན་ནོ། མཁན་ཆེན་ནམ་མཁའ་རྒྱལ་པོ་དེ་ཉིད་སྐུ་སྐྱེ་སྔ་མ་ནས། བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པས།
མཐོ་རིས་ཡོན་ཏན་བདུན་ནམ་བརྒྱད་ལྡན་གྱི་རྟེན་ཐོབ་ནས། དམ་པའི་ཆོས་རང་བྱེད་དགོངས་པའི་ཐུགས་རྒྱུ་ཆེ་བར་བྱུང་ནས། སྐྱོར་མོ་ལུང་དུ་སངས་རྒྱས་དབོན་པར་པ་ལ་གཏུགས་འདུལ་བ་བསླབས། དེ་ནས་འཇིག་རྟེན་བློས་བཏང་བྱེད་དགོངས་ནས། དབུས་ཕྱོགས་མཁས་བཙུན་རྣམས་ལ་བྱམས་པའི་ཆོས་སྡེ་མ་ལུས་པ་གསན་ཤིན་ཏུ་མཁས་པར་སྦྱངས། དེ་ནས་ལྷོ་ནུབ་ཏུ་བྱོན་དབུ་མའི་ཆོས་ཐམས་ཅད་ར...
ལུང་རྒྱུ་ཡང་ཆེ་བར་ཞུས། དེ་ནས་སྒྲོལ་མ་ལ་སྒྲུབ་པ་བྱས་ཞལ་གཟིགས། དེ་ནས་རྒྱ་ནག་རི་བོ་རྩེ་ལྔ་ལ་ཅི་ནའང་འབྱོན་དགོངས་པའི་དུས་སུ། སྒྲོལ་མའི་གསུང་ནས། སྐྱེས་བུ་དམ་པ་ཁྱེད་ཀྱིས་རྒྱ་ནག་ཏུ་ཕྱིན་ན་སེམས་ཅན་ལ་ཕན་མི་ཐོགས་པས། ལྷོ་རྒྱུད་ཀྱི་སེམས་ཅན་ལ་འགྲོ་དོན་ཡང་རྒྱ་ཆེན་པོ་ཡོང་བས་གར་ཡང་མ་འགྲོ་གསུངས།
དེ་ནས་ཚུར་ཕྱགས་ཕེབས་ཏེ། མཁན་ཆེན་ནམ་མཁའ་སེང་གེ་སྐུ་ན་བགྲེས་པར་བྱོན། སྤྱན་ཡང་ཅུང་མི་བདེ་བར་བྱུང་ནས། ཆོས་གཞིས་གར་འབྱོན་དུ་ཁོང་རང་གིས་བཤད་ཉན་མཛད། ལྷོ་ནུབ་ཀྱི་ལྷས་རྟག་ཏུ་ཆོས་གསུང་དུ་བྱོན། མཚོ་སྣའི་འོར་ཆུང་དུ་བྱོན།
གྲུ་ཤུལ་གྱི་འཕྱ་ཁྲོད་དང་། ཡུག་དང་། རྒྱ་བོ་རྣམས་སུ་བྱོན། གྲྭ་པ་བུ་སློབ་ཀྱང་ཤིན་ཏུ་མང་ཞིང་། དེ་རྣམས་ཀྱི་གྲྭ་པ་རྣམས་ཀྱང་། དགུན་ཆོས་ཀྱི་དུས་སུ་སྒྲོ་བ་དགོན་པར་འབྱོན་པ་ཡིན།
དེའི་སྟོབས་ཀྱིས་དགོན་པའི་བྲང་ཁང་རྣམས་ལ་མིང་། ལྷས་རྟག་ཁང་པ། འཕྱ་ཁྲོད་ཁང་པ། རྒྱུ་བོ་ཁང་པ། རྣལ་པགས་ཁང་པ། ཡུག་ཁང་པ་བྱ་བ་ཡོང་བའི་རྒྱུ་མཚན་དེ་ཡིན།
ཁོང་གིས་ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་འདིའི་སྒྲུབ་པ་མཛད་པས་ཞལ་གཟིགས། ཕྱག་སྟོང་པའི་ཞལ་གཟིགས་གྲུབ་པ་ཐོབ། དམ་ཚིག་གསུམ་བཀོད། སྒྲོལ་མ། མི་གཡོ་བ། བདེ་མཆོག་ལ་སོགས་ཀྱི་ཞལ་མང་དུ་གཟིགས།
གསུང་གི་སྣང་བ་ཐོབ། སྐུ་ལ་མི་བདེ་བ་ལ་སོགས་བྱུང་ན་ཡི་དམ་ལ་དྲིས་ནས་སེལ་ཐབས་ཞུས་པས་ཆོག་པ་བྱུང་། ཁོང་གི་འབྲེལ་པ་དང་། འགྲོ་ཆོས་ལ་སོགས་བསྟན་བཅོས་མང་དུ་མཛད། དེ་ནས་ཡི་དམ་ཐུགས་རྗེ་ཆེན་པོ་དང་། སྒྲོལ་མས་བདེ་བ་ཆེན་པོའི་ཞིང་ཁམས་སུ་འཁྲུངས་གསུང་བའི་ལུང་བསྟན་བྱུང་བ་ཡིན་ནོ།
དེ་རྟིང་དཔོན་ཆེན་པོ་སེང་གེ་ཉིད་ཀྱིས་ཀྱང་རབ་བྱུང་མཛད། གར་བཞུགས་སུ་ཆེ་མཆོག་དང་། དཔལ་མ་མོའི་སྒྲུབ་པ་མཛད་པས་ཞལ་གཟིགས་ནས་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་པ་བྱུང་། ས་སྟོད་སྨད་ཀྱི་སྡེ་དཔོན་མཛད་ནས་ཐུགས་སྟོབས་ཤིན་ཏུ་ཆེ་བས། མཁན་ཆེན་ནམ་མཁའ་སེང་གེའི་ནང་རྟེན་ལ་ཐིག་ཕྱིར། གསེར་སྐུ་ཇོ་བོ་དགུང་ལོ་བརྒྱད་པའི་སྐུ་ཚད་རྙིང་མའི་ནང་དུ་བཞེངས།
སྐུ་འབུམ་ཆེན་མོ་བཞེངས། སྡེའི་ཞབས་ཏོག་ལ་དམིགས་ནས་ཐིག་ཕྱིར་ལྕགས་རི་རྩིགས། སྒྲོ་བ་གནས་སུ་གདུང་ཁང་ཆེ་བ་ཞིག་བཞེངས། སྒྲོ་བ་དགོན་པར་ཕྱིའི་རྟེན་ལ་འབུམ་པ་ཆེན་མོ་བཞེངས། དེའི་ནང་དུ་གསེར་འབུམ་སྒོ་མང་བཞེངས། ལྷོ་བྲག་ནམ་སྟེངས་སུ་གདུང་ཁང་ཆེན་མོ་བཞེངས།
བསྟན་པ་ལ་འང་ཤིན་ཏུ་ཕན་པར་བྱུང་། ཁོང་གི་སྐུ་ཚེའི་སྨད་ལ། མཁན་ཆེན་ནམ་མཁའ་རྒྱལ་པོའི་གསུང་ནས། ད་ཡང་མ་ཎི་དྲོངས་ཤིག་གསུངས་ནས་ཐུགས་རྗེ་ཆེན་པོའི་ལུང་གནང་། དབང་དང་བྱིན་རླབས་ལ་སོགས་ཐུགས་རྗེ་ཆེན་པོའི་ཆོས་བཀའ་རྣམས་མ་ལུས་པར་གནང་། སྒྲུབ་པ་མཛད་པས་ཐུགས་རྗེ་ཆེན་པོའི་གྲུབ་པ་ཐོབ།
གྲོངས་པའི་གདུང་རུས་ལ་བློ་དང་ཧྲིལ་སོགས་པ་བྱོན་པ་ཡིན་ནོ།། དཔོན་ཆེན་པོ་བློ་གྲོས་ཀྱིས་ནི། རྡོ་རྗེ་ཕུར་པ། ཆེ་མཆོག་ཨེ་ཀ་ཛ་ཏི། མགོན་པོ་གྲི་གུག་རྣམས་ཀྱི་ཞལ་གཟིགས་གྲུབ་པ་ཐོབ། ལོག་ལྟ་དབང་དུ་བསྡུས་ཤིང་དགྲ་བགེགས་རྩད་ནས་གཅོད་པ་སྲིད་གསུམ་ཟིལ་གྱིས་གནོན་པ་ཞིག་བྱུང་བ་ཡིན།
སློབ་དཔོན་རྡོ་རྗེས་ནི། རྡོ་རྗེ་ཕུར་པ་དང་མ་མོའི་སྒྲུབ་པ་དང་མཛད་པས། ཁམས་གསུམ་དབང་དུ་འདུས་ཤིང་། འཚོ་བ་སྨན་དཔྱད་ལ་མཁས་པར་ཡོད་པ་ཞིག་བྱོན་པ་ཡིན། རྒྱན་མགོ་ཉི་མ་གྲགས་ནི། རིན་པོ་ཆེ་འབྲི་གུང་པ་ལ་གཏུགས།
དེ་དུས་སྒོམ་པ་ལ་ཨ་མ་ཤག་རིན་ཡོད་པས། ཨ་མའི་གསུང་ནས། ཁྱེད་ལྷོ་བྲག་གི་མི་འཁྲུངས་ས་ཅན་ཡིན་པར་འདུག། ཉིད་ཀྱིས་རྫོང་ང་ལེགས་པོ་བྱེད་གསུངས་ནས་བརྫངས། རྒྱན་མགོ་རུ་ཕྱགས་ཕེབས་པའི་དུས་སུ། ཡོན་བདག་རྣམས་ཀྱིས་དགེ་བཤེས་འབྲི་གུང་པ་ཞེས་ཟེར་ཞིང་བཀུར་སྟི་འབུལ་བ།
ཞབས་ཏོག་ལེགས་པོ་བྱས་སྐུ་བསོད་ཆེ་བར་བྱུང་། དེ་ནས་སློབ་དཔོན་རྡོ་རྗེ་ལ་སྲས་བཞི་འཁྲུངས་ཏེ། དགེ་བཤེས་རྒྱལ་བ་དཔལ་བཟང་། མཁན་ཆེན་སེང་གེ་བཟང་པོ། སློབ་དཔོན་ཤཱཀྱ་བཟང་པོ། སློབ་དཔོན་བཀྲ་ཤིས་བཟང་པོ་རྣམས་ཡིན།
དགེ་བཤེས་རྒྱལ་བ་དཔལ་བཟང་དེས། དགུང་ལོ་བདུན་ལ་རབ་བྱུང་མཛད། གྲྭ་ཡི་ཨར་དགེ་རུ་བྱོན་ནས། མཁན་པོ་འཇོལ་མོ་བྱང་བརྩོན་ལ་དབུས་གཙང་ན་འདུལ་བ་ལ་མཁས་པར་གྲགས་ནས། ཁོང་གི་ཐད་དུ་འདུལ་བ་ལ་མཁས་ཤིང་མཐར་ཕྱིན་པ་བསླབས། དེ་ནས་ས་སྐྱ་ཤར་བ་སྒང་ལ་ཡོད་པའི་དུས་སུ་ས་སྐྱ་ཤར་དུ་བྱོན་ནས།
ས་སྐྱ་པའི་ཆོས་སྐོར་ཐམས་ཅད་ཞུས། ཁོང་གིས་བརྫངས་ནས་ལྷོ་བྲག་ཏུ་ཆགས་ཕེབས། ནམ་སྟེངས་སུ་ཆགས་ཕེབས་ཏེ་བཞུགས། མཁན་པོ་རྒྱལ་བ་དཔལ་བཟང་ཞེས་གྲགས་པ་བྱུང་སྟེ། མཁན་ཆེན་ནམ་མཁའ་རྒྱལ་པོའི་གདན་སར་འདོན་རྩིས་སུ་མཛད་ནའང་། བསྙུན་གཞི་ཅིག་བྱུང་ནས་གུང་དགུང་ལོ་ཞེ་ལྔ་ལ་གྲོངས།
དེ་ནས་མཁན་ཆེན་སེང་གེ་བཟང་པོ་ཁྱིམ་པའི་ཆ་ལ་ཞུགས་ནའང་། ན་བཟའ་ཆོས་གོས་རྣམས་བཟོས་ནས། ཁོང་ལ་ཤོག་གསུངས་ནས། རབ་བྱུང་གྱིས་ད་ལྟ་གོས་བསྒྱུར་གསུངས་པས། ང་བུ་སྨད་ཀྱི་འདམ་ན་ཡོད་པས་མི་ཡོང་ལས་ཆེ་ལགས། ཤཱཀྱ་བཟང་པོ་འམ།
བཀྲ་ཤིས་བཟང་པོ་གང་འཐད་ལ་ཆོལ་གསུངས་པས། ཁོང་གཉིས་ཀྱིས་མི་ཡོང་ཁྱོད་ཀྱིས་གྱིས་གསུངས་པས། འོ་ན་ཐུགས་ལ་བཏགས་བྱེད་པར་ཞུ་གསུངས་པ་དང་། དེ་མ་ཁད་ཇོ་མོ་ལ་གསངས་ནས་རབ་བྱུང་མཛད་པས། ཇོ་མོ་ནི་ཤིན་ཏུ་མ་དགའ་བར་སྨྱོ་ཐབས་སུ་ཡོད་པའི་སེམས་ཁྲལ་བྱུང་བ་ཡིན། མཁན་ཆེན་སེང་གེ་བཟང་པོས་སྐྱེ་བ་ནས་སྐྱེ་བར་ཚོགས་བསགས་པའི་དོན་གྱིས།
དགུང་ལོ་བདུན་ནས་ཆོས་འབའ་ཞིག་མཛད་དེ། དགོན་པའི་ཁྱམས་ཆུང་འོག་གི་གཏོར་སྐྱག་ས་འོག་ཏུ་ལོ་གསུམ་མིས་མ་རིག་པར་སྡེའུའི་རྡེའུ་དཀའ་ཐུབ་མཛད་ནས་བཞུགས། དབྱར་དགུན་དང་ཉིན་ནུབ་ངོ་མི་ཤེས་པའི་མུན་མཚམས་མཛད་པ་ཡིན། བྲག་མཛོད་དུ་འདག་འབྱར་ལ་ལོ་གཉིས་སྡེའུ་རྡེའུ་གསོལ་གྱིན་བཞུགས་ཏེ། དགུང་ལོ་བཅུ་བདུན་མན་ཆོད་ཡིན། བཅོ་བརྒྱད་ལ་ཇོ་མོ་བླངས།
སྲས་སློབ་དཔོན་བསོད་ནམས་བཟང་པོ་འཁྲུངས། ཁོང་ཡབ་སྲས་ཀྱིས་དབོན་ས་བཟུང་། ་ ཐམས་ཅད་གཡེལ་མཛད་རི་ཟན་སྡོག་ཏུ་མཁན་པོ་ཞང་ཡེ་ཤེས་མཛེས་ཀྱི་དྲུང་དུ་འདུལ་བའི་སློབ་གཉེར་ལ་བྱོན་ནས་ཉིན་མོ་སློབ་གཉེར་བྱས། མཚན་མོ་དགེ་སྦྱོར་བྱས་པས། རི་ཟན་སྡོག་པ་རྣམས་ཡི་རངས་ཏེ། འདི་ཐ་མལ་པ་མན་པར་འདུག་མགོ་སྔས་ལ་མི་འཇོག་པར་འདུག་ཕྱག་འཇམ་ལ་གཟི་བརྗིད་ཆེ།
དང་ཚུགས་བཟང་བ་ཞིག་འདུག་གསུངས་བ་བྱུང་ཀྱང་། དཔོན་པོ་ཡིན་མ་བྱས་པས་ངོ་མ་ཤེས་པར་རྫོང་ང་ལ་དར་ཁ་གང་བརྫངས་ནས། ཕྱིས་མཇལ་བ་བྱེད་གསུངས། དེ་ནས་ཁོང་ཚུར་བྱོན་ནས་ཆེ་སར་བཏོན། ས་སྟོད་སྨད་གཉིས་སུ་མེ་ཏོག་བསྡུས། དེ་ནས་མཁན་ཆེན་ནམ་མཁའ་རྒྱལ་པོ་གཤེགས་ནས།
གདན་ས་མཛད། དཔལ་ཕྱག་ན་རྡོ་རྗེའི་བསྒྲུབ་པ་མཛད་པས་ཞལ་གཟིགས་གྲུབ་པ་ཐོབ། མི་གདོན་ཆེན་ལ་འཕྲད་པས་གདོན་ཞི་བ་བྱུང་། སློབ་དཔོན་ལྷོ་བྲག་པ་ཡང་ཟེར། ལྷོ་པ་ཐམས་ཅད་མཁྱེན་པར་ཡང་གྲགས། ཁོང་གིས་སྣེ་སྡོག་གི་གདན་ས་ཡང་མཛད།
སློབ་དཔོན་མི་སྐྱོད་རྡོ་རྗེ་ཟེར་བ་རྟ་མགྲིན་གྱི་གྲུབ་ཐོབ་རྣལ་འབྱོར་པ་དེའི་ཞལ་ནས། མཁན་ཆེན་སེང་གེ་བཟང་པོ་འདི་ཕྱག་ན་རྡོ་རྗེ་དངོས་སུ་འདུག་སློབ་དཔོན་ཤཱཀྱ་བཟང་པོ་འདི་གཤིན་རྗེ་ཡ་མ་རཱ་ཛ་དངོས་སུ་འདུག་སློབ་དཔོན་བཀྲ་ཤིས་བཟང་པོ་འདི་འཛམ་ལྷ་དངོས་སུ་འདུག་གསུངས་ནས། ཁོང་སྐུ་མཆེད་ལ་ཤིན་ཏུ་མོས་པར་བྱུང་ངོ།། མཁན་ཆེན་སེང་གེ་བཟང་པོས་ཐུགས་རྗེ་...
བཀའ་གདམས་པའི་དང་ཚུགས་ལ་ཅུང་གནོད་ཉེན་འདུག་གསུངས་ནས། འདུལ་བ་ལ་བསྙེན་བསྔགས་ཆེར་མཛད་པ་ཡིན། ཁོང་གི་རིང་ལ་བླ་བོ་དགོན་གསར་གྱི་ཆོས་སྡེ་བཙུགས། མའི་ཞབས་ཆུ་ལྷ་ཁོང་གི་ཕྱག་ཏུ་བྱུང་བ་ཡིན། མཁན་ཆེན་མཚོ་སྣ་བ། མཁན་ཆེན་དགེ་ཡེ་པ།
དང་རོའི་མཁན་པོ་དབུ་མ་པ། བྱི་བྲུན་གནས་པའི་མཁན་པོ་ནེ་ཙོ་བ་ལ་སོགས་པ་རྣམས་ཐམས་ཅད་གདན་དྲངས་ནས། དམ་པ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས། དུས་ད་ལྟ་ཡར་བཅད་ལ་ལུག་གི་ཟླ་བ་ལ་ཆོས་འཁོར་མཚོན་རེ་མཛད་པ་འདི་ཁོང་གི་རིང་ནས་ཚུགས་པ་ཡིན། ཁོང་གིས་མཁན་ཆེན་ནམ་མཁའ་རྒྱལ་པོའི་ནང་རྟེན་ལ། སྒྲོ་བ་དགོན་པའི་མཚོད་ཁང་ཤར་མ་བརྩིགས་ནས་ནང་དུ་གསེར་སྐུ་དབུས་...
བླ་བོའི་གསེར་འབུམ་བཞེངས། ས་སྟོད་སྨད་དུ་ཆོས་པོད་སྟོང་ཕྲག་གཅིག་ཙམ་ཕྱག་ཏུ་འབུལ་བའི་ཡོན་བདག་བྱུང་འདུག་ཅིང་། སངས་རྒྱས་བསྟན་པའི་སྲོག་ཤིང་དུ་བྱོན་འདུག་ཁོང་གཤེགས་པའི་དུས་སུ་ལྕང་ལོ་ཅན་དུ་འགྲོ་གསུངས་ཞིང་། མེ་ཏོག་སྔོན་པོའི་ཆར་འབབ་པ་ལ་སོགས་བྱུང་བ་ཡིན། ཁོང་གིས་མཛད་པའི་རབ་གནས་ལ་མི་ལེགས་པ་བྱུང་བའི་དཔེ་མི་འདུག་ཅིང་། ཁོང་གིས་རྟེན་ལ་རབ་...
ཤིན་ཏུ་བཀྲ་ཤིས་པ་བྱུང་འདུག་རྟེན་རབ་གནས་ཉེས་པ་ཡོད་ན་ཁོང་གིས་རབ་གནས་མཛད་པས་ཤིན་ཏུ་ལེགས་པར་བྱུང་བ་ཡིན། དེ་ལ་སོགས་པའི་ཁོང་གི་ཆེ་བ་དང་མཛད་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། མཁན་ཆེན་རྒྱལ་སྲས་བཟང་པོ་སྐུ་འཁྲུངས་པའི་དུས་སུ་བཀྲ་ཤིས་པའི་ལྟས་སུ་ས་གཡོས་བྱུང་པས། མི་རྣམས་ན་རེ། གང་ཟག་ཁྱད་འཕགས་འཁྲུངས་པ་ལ་འདི་ཡོང་བ་ཡིན་པར་འདུག་ཉེ་རའི་སྲས་པོ་ལའ...
སློབ་དཔོན་སྟོན་ཡེས་ཟེར་བའི་གསང་སྔགས། འདུལ་བ། ཕར་ཕྱིན་ཐམས་ཅད་ལ་ཤིན་ཏུ་མཁས་པ་དེ་ལ་འདུལ་བ་ལ་སོགས་སློབ་གཉེར་མཛད། དགུང་ལོ་བཅོ་ལྔ་ལ་འདུལ་བའི་བཤེས་གཉེན་མཛད། དགུང་ལོ་བཅུ་དྲུག་ལ་མཁན་ཆེན་མཚོ་སྣ་པའི་ཞབས་དྲུང་དུ། སྤྱོད་འཇུག་དང་།
བློ་སྦྱོང་གི་སློབ་གཉེར་མཛད། བྱམས་ཆོས་སྡེ་ལྔའི་ལུང་རྫོགས་པར་ཞུས། ཁོང་ཤིན་ཏུ་མཉེས་ཤིང་ཐུགས་ལ་འདོགས་པར་བྱུང་། དགུང་ལོ་རྩ་བརྒྱད་ལ་ཆེ་སར་བཏོན། སྐུ་བསོད་ཀྱང་ཤིན་ཏུ་ཆེ་བར་བྱུང་། མཁན་ཆེན་མཚོ་སྣ་པས།
མི་གཡོ་བའི་གདམ་ངག་དམིགས་པ་སྐོར་གསུམ་དང་བཅས་པ་གནང་། སྒྲུབ་པ་ཡུན་རིང་དུ་མཛད་པས་རྟགས་ཁྱད་པར་ཅན་མང་དུ་བྱུང་། སློབ་དཔོན་སྟོན་ཡེས་ཞེས་བྱ་བ་ཁྱད་འཕགས་གྲུབ་ཐོབ་ལྭ་བ་པའི་སྐུའི་སྐྱེ་བ་ཡིན་པ་ཞིག་ལ་དོན་ཞགས་ལྷ་ལྔའི་རྒྱུད། ཨ་མོ་གྷ་པ་ཤའི་རྒྱུད་ལ་སོགས་ཐུགས་རྗེ་ཆེན་པོའི་རྒྱུད་ཀྱི་གདམ་ངག་ཕྲན་ཚེགས་དང་བཅས་པ་ཐམས་ཅད་ཞུས། བྱམས་སྙིང་རྗེ་ཤིན་ཏུ...
སྐུའི་རྟེན་དུ་གསེར་སྐུ་མདའ་ཚད་མ་གཅིག་བཞེངས། གསུང་གི་རྟེན་དུ་གསེར་མདོ། གསེར་གྱི་དཀོན་རྩེགས་བཞེངས། ཐུགས་ཀྱི་རྟེན་ལ། དགོན་པའི་ཐུགས་དམ་འབུམ་པ་བཞེངས། དེ་དུས་ས་སྟོད་སྨད་ཐམས་ཅད་ཀྱི་ཡོན་བདག་ཕོ་མོ་རྣམས་ལ་མར་ནས་ཀྱི་འགོད་འགྱེད་རྒྱ་ཆེན་མཛད།
སྟོད་སྨད་ཀྱི་སྡེ་པའི་རབ་བྱུང་ཐམས་ཅད་ལ་ནས་ཁལ་འགེད་འགྱེད་བྱས། ཕྱག་རྟེན་གསེར་རྣམས་ཀྱི་འབུལ་བ་མཛད། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ལ། གཏམ་ཤུལ་སྟོད་པ་ས་མན་ཆད། མཁོ་མཐིང་ལྷ་ཁང་ཡན་ཆད། ལྷོ་ནུབ་ཀྱི་འབང་ལ་ནག་པོ་མན་ཆད།
མཐིང་མགོ་ཟུར་ཡར་བཅད། སྲབས་གངས་དཀར་པོ་མན་ཆད། ལྷ་ཁང་ཟམ་འབི་ཡར་བཅད་ལ་ལམ་རྒྱ་ལོ་གཉིས་བསྟུད་ནས་བཏང་། བསྟན་པ་ལའང་གདུལ་བྱ་དཔག་ཏུ་མེད་པ་བྱུང་། སྦྲ་རག་གཅེས་ས་བས་བཀའ་པོད་སྟོང་རྭ་ཅན་ནང་ན་བཞུགས་པ་དང་བཅས་པའི་འབུལ་མཁན་བྱུང་། ཆོས་འཁོར་དམ་པ་བསྐོར་བའི་ཡོན་བདག་བཞི་བཅུ་ཞེ་གཉིས།
གསུང་རབ་འབུལ་བའི་ཡོན་བདག་དང་། བརྒྱ་འབུལ་བྱེད་པའི་ཡོན་བདག་མང་དུ་བྱུང་། དེ་ནས་མཁན་ཆེན་མོན་གྲབ་པ་གདན་དྲངས། ལྷོ་བྲག་གི་དགེ་བའི་བཤེས་གཉེན་རབ་བྱུང་གོས་སི་སེ་རུ་གོན་པ་ཡར་བཅད་ཐམས་ཅད་གདན་དྲངས་ནས་དམ་པ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཕྱག་རྟེན་འབུལ་བ་ལ་སོགས་ཆེར་བྱས་ཏེ། མཁན་རྒྱུད་གང་ལས་ཀྱང་ཕྱག་རྫས་ཆེ་བར་བྱུང་ནས།
སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་བ་ལ་སོགས་པ་འགྲན་ཟླ་ཐམས་ཅད་དང་བྲལ་བའི་ཕྱག་རིས་ཤིན་ཏུ་ཆེ་བར་བྱས་སོ།། ཡི་དམ་གསང་བའི་བདག་པོའི་ཞལ་ནས། ཟླ་བ་རྒྱལ་མཚན་ཆོས་ཀྱི་རྗེ།། སངས་རྒྱས་སྒྲ་འོད་པཎྜི་ཏ།། དཔོན་ཆེན་ཉི་མ་འོད་ཟེར་དང་།། དཔོན་ཆེན་ཉི་མ་སེང་གེ་གཉིས།།
རྒྱ་གར་རིག་འཛིན་སྤྲུལ་པ་ཡིན།། མཁན་པོ་ནམ་མཁའ་སེང་གེ་དང་།། ཇོ་སྲས་དཀོན་མཆོག་སྐྱབས་གཉིས་ནི།། རྒྱ་གར་རྒྱལ་པོ་མཆེད་གཉིས་ཡིན།། སློབ་དཔོན་ཇོ་སྲས་ཇོ་གཡང་གཉིས།། བལ་ཡུལ་སྔགས་པ་མཆེད་གཉིས་ཡིན།།
མཁན་པོ་ནམ་མཁའ་རྒྱལ་པོ་མཆེད་ལྔ་ནི།། ཤར་ཕྱོགས་རྒྱ་གར་ཟ་ཧོར་ནས།། ཁྱིམ་བདག་བྱང་སེམས་མཆེད་ལྔ་ཡིན།། མཁན་པོ་སེང་བཟང་སྐུ་མཆེད་བཞི།། རྒྱ་གར་ལི་ཡི་ཡུལ་ཕྱོགས་ནས།། བྲམ་ཟེ་ཆེན་པོ་མཆེད་བཞི་ཡིན།།
མཁན་པོ་རྒྱལ་སྲས་བཟང་པོ་འདི།། དགེ་བཤེས་རྒྱལ་བ་དཔལ་བཟང་གི། སྐུ་ཡི་སྐྱེ་བ་ཡིན་པར་འདུག་སྔོན་གྱི་སྨོན་ལམ་སྟོབས་མཆོག་དང་།། ཚོགས་གཉིས་གོམས་པའི་འཕྲོ་སད་པས།། གདུལ་དཀའ་མཐའ་འཁོབ་སེམས་ཅན་རྣམས།། འདུལ་ཞིང་ཕན་བདེ་སྦྱིན་པར་བྱས།།
ཞེས་གསུངས་སོ།། དེ་ནས་བདག་ཤུད་ཕུ་བའི་སར་སྐྱེས་ནས་ལོ་བདུན་ལོན་པའི་དུས་དགེ་ཚུལ་གྱི་སྡོམ་པ་བླངས། ཐུགས་རྗེ་ཆེན་པོ་སྐྱེར་སྒང་པའི་ལུགས་ཀྱི་ཆོས་སྐོར་དང་། རིག་པ་རྟག་པའི་ཆོས་སྐོར་དང་། བཅས་པ་མཁན་ཆེན་པའི་དྲུང་དུ་ཞུས་སོ།། ཐུགས་རྗེ་ཆེན་པོ་ཞི་ཁྲོ་ལ་བསྙེན་པ་བྱེད་ཅིང་བསྡད་པའི་དུས་སུ་གདོན་གྱི་བར་ཆད་བྱུང་སྟེ།
ཁང་པའི་ཕུགས་སུ་སྒོམ་སྒྲུབ་ལ་མིག་ཟིམ་མེ་ཡོད་པས། བཙུན་པ་ཐལ་སྐྱ་ཤིན་ཏུ་འཇིགས་པ་ཞིག་བྱུང་ནས། ངའི་གདན་ནས་དྲད་ནས་གནམ་མཐོངས་ཁ་རུ་དངོས་སུ་དུད་བྱུང་ཙ་ན། མི་དཀར་དམར་སྐྱེ་འབྲས་ལེགས་པ་གཉིས་འདུག་པ་ལ། དཀར་པོ་དེ་ན་རེ། ཉེ་རའི་བཙུན་ཆུང་ལ་རྒྱལ་པོའི་བར་ཆད་བྱུང་།
ད་ལྟ་རྒྱུགས་ཟེར་ཙ་ན། དམར་པོ་དེས་སེང་ལྡེང་གི་ཐིག་ཤིང་ཞིག་ལག་ན་འདུག་པ་དེ་གདེངས་པས། གདོན་དེ་སྐད་ངན་རྩི་རྩི་ཐོན་སོང་། དེའི་མི་དཀར་པོ་དེ་ནི་ཐུགས་རྗེ་ཆེན་པོ་ཡིན་པར་འདུག་དམར་པོ་དེ་དཔལ་རྟ་མགྲིན་ཡིན་པར་འདུག་གོཡང་དེའི་དུས་ན་མཆོད་རྟེན་དཀར་པོ་ཤིན་ཏུ་ཆེ་བ་ཞིག་གི་བང་རིམ་གོང་མའི་སྟེང་ན་བདག་འདུག་པས། བང་རིམ་འོག་མ་རྣམས་ལ་ངའི་འཁོར་ཡིན་ཟེ...
མི་དམར་པོ་དེ་ན་རེ། འགྲོ་བ་མང་པོ་ལ་ཕན་རྒྱ་ཆེན་པོ་ཐོགས་པའི་གདའ་ཡིན་བྱེད་པ་མ་བྱེད་ཅིག་ཟེར་བ་ཞིག་བྱུང་ངོ།། ཡང་ནུབ་ཅིག་གཉིད་ལོག་པའི་རྨི་ལམ་ན། རི་ཤིན་ཏུ་མཐོ་བ་རྒྱ་ཆེ་བ་ཞིག་གི་སྒབ་ན། ཕྱུགས་ཤིན་ཏུ་ཚན་ཆེ་བ་འདུག་པས། དེ་རྣམས་ཀྱི་རྗེ་བདག་གིས་བྱས་ནས།
ཕྱུགས་མ་ཐམས་ཅད་རི་དེའི་རྩེ་ལ་ཐབས་དུ་མ་བྱས་ནས་དེད་པས། ཕྱུགས་ཚོ་ལ་ལ་ནི་ལོག་ནས་མ་ཐུབ། ལ་ལ་ནི་རང་ས་རུ་སྡད་ནས་མ་འོངས། ལ་ལ་ནི་རིའི་ཕྱེད་ལམ་དུ་ལས་སོང་། ལ་ལ་ནི་རིའི་སྒབ་ཏུ་ལས་སོང་། ལ་ལ་ནི་རིའི་རྩེ་ལ་སླེབ་ལ་ཁད་དུ་ལས་སོང་།
རྩེ་མོ་རང་དེར་གསུམ་ཙམ་བཞི་ཙམ་ལས་མ་འོངས་པས། མི་དམར་པོ་དེ་ན་རེ། དུས་ཕྱིར་རྟིང་ཁྱོད་ལ་སློབ་མ་ལེགས་པོ་ཡི་དམ་ལྷའི་གྲུབ་པ་ཐོབ་པ་གསུམ་ཙམ་བཞི་ཙམ་ཡོང་བའི་གདའ་ཡིན་ནོ།། ཕྱུགས་མ་རྣམས་ཁྱོད་ཀྱི་བཀའ་འོག་ཏུ་འདུ་བའི་འཁོར་ཡིན་གསུངས་པ་བྱུང་། དེ་ནས་ནུབ་མོ་སྐྱེ་རག་སྐེ་རགས་མི་ཤིག་པའི་དམ་བཅའ་བྱས་ནས་བསྙེན་པ་མང་དུ་བྱས། དེ་ནས་ལོ་བཅོ་ལྔ་ལོན་པ་ལ...
སློབ་དཔོན་ཉི་ཁྲི་རྒྱལ་མཚན་ལ་གཏད་ནས། འདུལ་བའི་ཕར་སྣ་ཡན་བཅད་བཟུང་། བཅུ་བདུན་ལ་བཤད་ཉན་མཚོན་ཙམ་རེ་བྱས་ཀྱང་། བློ་ལ་འང་ཡང་ན་ལུང་སྟོང་ཞིག་ཏུ་སྒོམ་ལེགས་པོ་ཞིག་བྱེད་དགོས། ཡང་ན་ངས་ཡི་དམ་ལྷའི་ཞལ་མཐོང་བའི་སྒྲུབ་པ་ཞིག་བྱེད་དགོས་བསམ་པ་མ་གཏོགས། འཆད་ཉན་བྱེད་བསམ་པ་ཡེ་མ་བྱུང་།
སློབ་དཔོན་གྱི་གསུང་ནན་ཆེས་ནས་ཐིག་ཕྱིའི་བྱ་འདབ་འོག་ཏུ་གཞུང་བཤར་ཞིང་སྡད་པས། མིག་གཏོད་མཁན་ཞིག་གིས་མཐོང་བས། རྗེ་བཙན་གྱིས་གཙོ་བྱས་པའི་ལྷ་འདྲེ་མང་པོ་དཔག་མེད་ཀྱིས། དབོན་པོ་ནམ་མཁའ་རྒྱལ་མཚན་ལ་ཕྱག་འཚལ་བྱིན་རླབས་ཞུ། ཆོས་ཉན་བྱེད་པ་འདུག་ཟེར་ནས་མི་རྣམས་ལ་བཤད་འདུག་པས། མི་རྣམས་ཀྱང་ངས་དགེ་སྦྱོར་བག་རེ་བྱས།
སྐུ་བཙུན་པོ་བྱས་པས་གུས་པོ་བྱུང་། ལོ་བཅུ་དགུ་ལོན་པའི་དུས་སུ། དཔོན་སློབ་བཅོ་ལྔས་ལྷ་ས་ཕྱོགས་སུ་ཕྱིན། ཉིན་མཚན་གཉིས་ཀ་གཉིད་མ་ཉལ་བར་སྐོར་བ་ཤིན་ཏུ་མང་བ་བྱས། ར་མོ་ཆེའི་ཁྱམས་སུ་བསྡད་པས། ནུབ་མོ་ར་མོ་ཆེའི་ལྕགས་སྒོ་ཕྱེ་ནས།
མི་ནག་པོ་ཁྲོས་པ་འདྲ་བ་ཤིན་ཏུ་འཇིགས་པ་ཞིག་བྱུང་ནས། དེ་ནས་ཁྱོད་ཀྱི་མིང་ནི་ལས་ཀྱི་རྡོ་རྗེ་བདེ་ལྡན་ཞེས་བྱ་བ་ཡིན་ནོ།། ཁྱོད་ད་ནི་མྱུར་དུ་རིན་ཆེན་སྒང་དུ་འཇམ་དབྱངས་ཀྱི་སྤྲུལ་པ་གཅིག་དང་མཇལ་ཏེ་བྱིན་གྱིས་རློབ་པོ། དོ་ནུབ་ནས་ཡི་དམ་དུ་འཇམ་དབྱངས་ཀྱང་ཟུངས་ཤིག། ངག་ནུས་ཆེ་གསུང་གི་དངོས་གྲུབ་ཐོབ་པ་ཡོང་། དེ་ལྟར་མ་བྱས་ན་ཁྱོད་སྔགས་པའི་སྐྱེ་...
ངག་གནོན་བྱས་པའི་རྣམ་སྨིན་གྱིས་ངག་མི་བདེ་བ་དང་། ངག་ནུས་ཆུང་བ་ཡོང་གསུངས་སོ།། ལྕགས་སྒོ་དེ་ཕྱེ་བའི་སིལ་འབིར་གྱི་སྒྲ་ལ་ལས་ཐོས་པ་ཡང་བྱུང་། མི་ནག་པོ་དེ་ནི་ཡེ་ཤེས་ཀྱི་མགོན་པོ་གྲི་གུག་ཡིན་པར་འདུག་སྟེ་མཐོང་བ་མི་འདུག་གོ། དེ་ནས་གཉིད་ཟིམ་ཙམ་ཞིག་ལོག་འདུག་པས། ཇོ་བོ་མི་སྐྱོད་རྡོ་རྗེའི་ཞལ་ནས།
རིགས་དང་ལྡན་ཞིང་ངང་རྒྱུད་བཟང་།། ཕན་སེམས་ཆེ་ཞིང་ངག་ནུས་ལྡན།། ལས་ཀྱི་རྡོ་རྗེ་བདེ་ལྡན་གྱིས།། གདུལ་བྱ་འཕྲིན་ལས་རྣམ་བཞི་སྐྱོང་བར་ཤོག། གསུངས་ཞིང་བཀྲ་ཤིས་པའི་གསུང་བརྗོད་ཅིང་འདུག་པ་རྨིས་བྱུང་། དེ་ནས་གཉིད་སད་པའི་དུས་ན་གསུང་བརྗེད་པ་མི་འདུག།
ན་སོ་གཞོན་པས་གོ་བ་ཡང་མ་རྙེད། དེ་ཡང་ཅུང་ཞིག་དགའ་བ་ཡིན་པར་འདུག་གོ། རྒྱ་མ་རིན་ཆེན་སྒང་དུ་ཕྱིན། རིན་པོ་ཆེ་བཀྲ་ཤིས་རྒྱལ་པོས་མཁན་པོ་མཛད། སློབ་དཔོན་གཞོན་ནུ་དབང་ཕྱུག་གིས་ལས་ཀྱི་སློབ་དཔོན་མཛད། དབུ་མ་པས་གསང་སྟེ་སྟོན་པའི་སློབ་དཔོན་མཛད་ནས།
བསྙེན་རྫོགས་དགེ་སློང་གི་སྡོམ་པ་ཐོབ། རིན་པོ་ཆེའི་གསུང་ནས། ནམ་མཁའ་རྒྱལ་མཚན་གྱིས་ཡི་དམ་གང་ལ་བྱས། རབ་བྱུང་བྱས་ནས་ལོ་དུ་སོང་། སློབ་གཉེར་ཅི་བྱས་གསུང་ཞིང་འདུག་པས། ཞུ་བ་ཐོ་རེ་བ་བྱས་པས།
ཁོང་གི་མངོན་ཤེས་ཀྱིས་མཁྱེན་ནས། ཁྱོད་འཁྲུངས་ས་ཅན་ཅིག་རང་ཡིན་ལས་ཆེ། ཤེས་རྒྱུད་མཉེན་ལ་བརྩོན་འགྲུས་ཆེ། ཆོས་པའི་གཞི་ཆགས་འདུག་གསུངས། ཤིན་ཏུ་མཉེས་པར་བྱུང་། སློབ་དཔོན་སྟོན་ཉིས་ཞུ་བ་མཛད་པས།
དབུ་མའི་ཁྲིད་ཆོས། སྤྱོད་ལམ་རྣལ་འབྱོར། མི་གཡོ་བའི་ཆོས་སྐོར་ལ་སོགས་ཞུས། དེ་ནས་མཁན་ཆེན་རི་ཟན་སྡོག་པ། གྲྭ་ཕྱི་གཙང་གྲོང་ན་བཞུགས་འདུག་པས་དེར་ཡོང་ནས། ཁོང་ལ་འདུལ་བ་དང་།
ཕར་ཕྱིན་རྩ་ཚང་སྙན། ཐུགས་རྗེ་ཆེན་པོའི་བསྙེན་པ་མང་དུ་བྱས། དེ་ནས་རི་ཟན་སྡོག་ཏུ་ཕྱིན་ནས། རྒྱ་ཆེ་འགྲེལ་པ། ཀརྨཱ་ཤ་ཏཾ། སའི་སྡེ།
འགྲེལ་ཆུང་། ཁ་རག་གི་ཆོས་སྐོར། ཁྲོ་ཕུ་ལོ་ཙྪ་བའི་ཆོས་སྐོར། ཇོ་བོས་མཛད་པའི་ཆོས་འབྱུང་བརྒྱ་རྩ་རྣམས་ཞུས། དེ་ནས་ཡོང་ནས་འཕྲེང་པོ་ཞོ་རར་ཟླ་བ་གཅིག་བསྡད། བསྙེན་པ་མང་དུ་བྱས་པས།
ནུབ་གཅིག་རྨི་ལམ་དུ་བུད་མེད་རྒྱགས་མ་ཅིག་བྱུང་ནས། ཁྱོད་ཞག་ལྔ་ན་གདན་འདྲེན་ཡོང་སྟེ། དེ་ནས་མི་དང་ཁྲོམ་མང་པོའི་གསེབ་ཏུ། ཁྱེད་རང་ཐུབ་པར་སྒོམས། ཐུགས་ཀར་འཇམ་དབྱངས་སྒོམས་ཤིག་གསུངས། དེ་ནི་ཨེ་ཀ་ཛ་ཏི་ཡིན་པར་འདུག་དེ་ནས་དེའི་ཞག་དུས་སུ་འབོད་པའི་མི་སླེབས་བྱུང་།
དེ་ནས་ལྷོ་བྲག་ཏུ་ཕྱགས་ཕེབས་ཏེ། ལོ་གསར་སྟག་གི་ཟླ་བའི་ཚེས་བརྩྭ་བཅོ་ལྔར་འགྲོ་བའི་དོ་ནུབ་རྨི་ལམ་ན། ཁྱེ་ཁྱེའུ་ཆུང་གསེར་གྱི་མདོག་ཅན་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཡིད་དུ་འོང་བ་ཞིག་བྱུང་ནས། དེས་ཤང་ཤང་དྲིལ་བུའི་ཆུན་པོ་གཅིག་ཕུལ་ཏེ། ལགས་ང་ཀླུ་རྒྱལ་བ་རུ་སྣའི་འཁོར་ལ་ཡོད་པ་ཡིན། མགོན་སྐྱབས་བྱེད་ཅིང་གཞི་བདག་ཀྱང་ཡིན།
ངའི་འཁོར་གྱིས་ད་ལྟ་ཡར་བཅད་གནོད་པ་ཡང་བྱེད་ཟེར། གནོད་པ་བྱེད་པའི་སྐྱོན་ཅི་བྱུང་བ་ཡིན་བྱས་པས། དཔོན་ཉི་མ་སེང་གེའི་སྲས་དཔོན་ཉི་མ་འོད་ཟེར་གྱིས། ཧོམ་བྱེད་ཟེར་ནས་འཁོར་རྣམས་ཀྱི་གནས་ཁང་བསྲེགས་པ་ཡིན། དེས་ལན། ད་ཁྱེད་ཀྱིས་ངའི་ས་ཕྱོགས་འདིར་བུམ་གཏེར་བཙུད།
ཀླུའི་སྒྲུབ་པ་བྱས། ཆབ་གཏོར་བཏང་བྱས་ན་ཕྱིས་མི་གནོད་ཟེར་བ་རྨིས། དེ་ར་འཚིགས་ཀླུ་རྒྱལ་ཡིན་པར་འདུག་དེའི་སང་དེ་ནམ་སྟེང་དུ་བསུ་བ་དང་། ལྟད་མོ་དང་མེ་ཏོག་རྒྱ་ཆེན་བསྡུས་སོ།། དེ་ནས་བླ་བོ་རུ་སང་འགྲོ་བའི་དོ་ནུབ་རྨི་ལམ་ན། ཤ་བ་ཡུ་མོ་ལ་ཆིབས་པའི་བུད་མེད་གཅིག་དང་།
ཧོར་འདྲ་རྟ་པ་གཅིག་གཉིས་བྱུང་ནས། བུད་མེད་དེས་ཕྱག་རྟེན་ལ་འགྲོན་བུ་གཅིག་དང་མེ་ལོང་ལེགས་པོ་ཞིག་ཕུལ། ཧོར་འདྲ་དེས་གསང་ལུག་གི་རྩེ་མོ་ཞིག་ཕུལ་ཏེ། ལོ་བཞི་བཅུ་ནས་ཁྱེད་ཀྱི་ཚེ་དང་བསོད་ནམས་རྒྱས་པར་ཤོག་ཅེས་སྨོན་ལམ་རེ་བཏབ་སོང་།། དེ་གཉིས་ནི་ཕྱག་ལྷ་དང་། འབྲོང་ངེའི་ལྷ་བཙན་ཡིན་པར་འདུག།
དེ་ནས་བླ་བོ་རུ་སྒོ་ཕྱག་གིས་བསུ་བ། ལྟད་མོ་རྒྱ་ཆེར་བྱས། མེ་ཏོག་སྣམ་བུ་ལ་སོགས་འབུལ་བ་དཔག་མེད་བྱས། དེ་ནས་ཆོ་འཕྲུལ་ཟླ་བ་ལ་ཡོན་བཙུན་ཆེན་པོས། དམ་པའི་ཆོས་ཀྱི་འཁོར་ལོ་གཞན་གྱིས་དོ་མི་འགྲན་པ་བྱས་ཏེ། ཇ་སིག།
རྟ་ཁྲབ་གསེར་རྣམ་ལ་སོགས་ཕུལ་བས། དགེ་བཤེས་གསར་པ་ཞལ་དྲོ་ཟེར་བའི་རྟེན་འབྲེལ་ལེགས་པོ་བྱུང་། དེ་ནས་དར་མ་ལ་མེ་ཏོག་བསྡུས། དེ་ནས་བར་གླིང་དུ་ཕྱིན། གཞེས་ཏེ་ཐིག་ཕྱིར་ཕྱིན། ཡང་ནུབ་ཅིག་རྨི་ལམ་དུ་རྟ་པ་དཀར་དམར་གཉིས་བྱུང་ནས།
དམར་པོ་དེས་ཟ་འུག་གི་སྣོད་ཅིག་ནས། ནས་ཁལ་ཕྱེད་ཙམ་ཕུལ་བྱུང་། དཀར་པོ་དེས་ཆོས་པོད་ཅིག་ཕུལ་བྱུང་། དེའི་ནང་པར་འོར་མོ་ཚན་གསུམ་གྱིས་མེ་ཏོག་ཕུལ་བ་ལ་མང་བ་ཕུལ། ཐིག་ཕྱིར་བསུ་བ་དང་ལྟད་མོ་ཆེར་བྱས། ཞང་པོ་རྒྱལ་མིས་ཕལ་ཆེན་པུ་ཏི་ལེགས་པ་དྲུག་ཕུལ་བྱུང་།
དེ་ཡོང་བའི་རྟགས་ཡིན་པར་འདུག། རྟ་པ་དཀར་པོ་དེ་བར་ལག་སེ་བ་ཐབ་ལྷ། དམར་པོ་དེ་ཇོ་བོ་རྗེ་བཙན་ཡིན་པར་འདུག་གོ། དེ་དུས་གསེར་མདོའི་རབ་གནས་མངའ་གསོལ་བྱས། ཐམས་ཅད་མ་ལུས་པ་འཚོགས་པའི་ཐད་དུ། ཤུད་ཕུ་བའི་སྔར་དགེ་བ་རྗེས་ཅན་རྗེས་མེད་བྱས་པའི་ལོ་རྒྱུས་ཐམས་ཅད།
བདག་གིས་མས་གཏམ་ལ་བཤད་པས་མི་རྣམས་ཀྱང་མགུ་བ་བྱུང་། དེ་ནས་ཡང་སང་སྒྲོ་བ་དགོན་པར་བསུ་བའི་དོ་ནུབ་རྨི་ལམ་ན། རྟ་པ་དཀར་རིལ་གོན་པ་ཞིག་རྟ་ངང་པ་ཞོན་རྒྱབ་ན་བསེ་ཕུབ་ཁུར། དབུ་ལ་ཤྭ་ཐོད་གོན་པ་ཞིག། རྟ་དཀར་མི་དཀར་དར་མདུང་དཀར་པོ་ཁྱེར་བ་ཞིག་དང་གསུམ་གྱིས། ཕྱག་རྟེན་ལ་རྟ་དཀར་ཅན་གྱིས་ཟངས་གཅིག།
རྟ་ངང་པ་ཅན་གྱིས་ཆོས་པོད་ཅིག། མདུང་དར་ཅན་དེས་ནས་ཤིན་ཏུ་བཟང་བ་ཞིག་རྣམས་ཕུལ་བ་རྨིས་ཤིང་། ཁྱེད་ཀྱིས་ཕྱགས་ཕེབས་པ་ཤིན་ཏུ་ནས་ཡིད་དགའ་སྤྲོ་ལགས། ཁྱེད་ཀྱིས་ཉེད་ཉིད་ཡུལ་ལྷ་རྣམས་ལ་གཏོར་མ་ལེགས་པར་གཏོང་བ་ཞུ་ཟེར་བ་རྨིས། དེ་ནས་སང་མར་སྣམ་ཚོ་གསུམ་གྱིས། ནམ་མཁའ་དར་གྱིས་ཆོད་པ།
ས་གཞི་རྟ་དང་མིས་ཆོས་ཆོད་པའི་ལྟད་མོ་བྱས་ནས། སྒྲོ་བ་དགོན་པར་བསུ་བ། མེ་ཏོག་དུ་ལང་རེས་ཁལ་རེ་ལྷག་པ་རེ་ཕུལ་བས་མིག་སྐྲག་པ་བྱུང་སྟེ། མེ་ཏོག་དེའི་སྟེང་དུ་སྔོ་མིས་ཟངས་ཆེ་བ་ཞིག་ཕུལ། ཕུ་ཐང་པས་འབུམ་ཚར་ཅིག་ཕུལ། ཀླུང་པས་ནས་མཛོ་རྟ་ལ་བཀལ་ནས་ཕུལ་བས།
ཁྲོམ་ཐམས་ཅད་ཁ་འཆམ་པ་ལ། ཤུད་ཕུ་བའི་དགེ་བཤེས་ཀྱིས་མེ་ཏོག་བསྡུས་པ་ལ་མང་། དགེ་བཤེས་སྐུ་བསོད་ཤིན་ཏུ་ཆེ་ཟེར་བ་བྱུང་། དེ་ནས་དེའི་སང་གནངས་ལ། གསེར་མདོ་དགོན་པར་གདན་དྲངས། ལྟད་མོ་དང་བསུ་བ་རྒྱ་ཆེན་བྱས།
དེ་ནས་སྲིབས་ནས་མདོ་སྡེ་གདན་དྲངས། བསུ་བ་ལྟད་མོ་ཆེ་བར་བྱས། མའི་ཞབས་ནས་མདོ་སྡེ་ལེགས་པ་ཞིག་གདན་དྲངས། བསུ་བ་དང་ལྟད་མོ་རྒྱ་ཆེར་བྱས། དེ་ལ་སོགས་པ་ཆོས་པོད་གསར་ངད་ལྡན་པ་བརྒྱ་དང་གསུམ་དེ་གའི་ལོ་ལ་འབུལ་བའི་ཡོན་བདག་བྱུང་ནས། དེ་རྣམས་ལ་བསུ་བ་རེ་བྱས་པས།
ལྟད་མོ་དང་མི་འཚོགས་ཤིན་ཏུ་ཆེ་བ་བྱུང་ཡང་། འཐབ་རྩོད་དང་། ཟོས་མི་བདེ་བ་གཅིག་ཀྱང་མ་བྱུང་སྟེ། མི་རྣམས་ཟེར་བ་ལ་ཡང་། གོང་མའི་སྐུ་བསོད་ཡིན་ནམ། དགེ་བཤེས་ཁོང་རང་གི་སྐུ་བསོད་ཡིན་ཀྱང་།
ལུང་པ་འདིས་དྲན་ནས་ལ་ད་ལོ་བས་མི་འཚོགས་ཆེ་བ་དང་། ལྟད་མོ་ཆེ་བ་དུས་བདེ་བ། སྐྱིད་པ། སྐྱ་རྒྱལ་བ་སྔར་མ་བྱུང་། ད་རུང་འདི་ལས་ལྷག་པ་མི་ཡོང་ཟེར་བ་བྱུང་བ་ཡིན་ཞིང་། རྟེན་འབྲེལ་ཤིན་ཏུ་བཟང་ཞིང་ལེགས་པར་བྱུང་།
དེ་ནས་ལྷོ་ནུབ། བདག་མོ་ཡུལ་གསུམ། མའི་ཞབས་བར་ལག་ལ་སོགས་སུ་མེ་ཏོག་བསྡུས། འབུལ་མི་ཡང་མང་དུ་བྱུང་། དེ་རྣམས་ལ་བསྔོ་བས་རྒྱས་བཏབ་པས། སེམས་ཅན་རྣམས་ཀྱི་ཐར་པའི་ས་བོན་དུ་གྱུར་པ་ཡིན་པས་འགྲོ་དོན་ཡང་ཆེ་བསམ་པ་བྱུང་།
ལོ་ཉི་ཤུ་རྩ་གཅིག་ཚུན་ཆད་ལ་དེ་ལྟར་བྱས་སོ།། ལོ་ཉི་ཤུ་རྩ་གཉིས་ལོན་པ་ལ་དགོན་པའི་གསལ་ལ་ནུབ་མར་མཚམས་དམ་དུ་བྱས་ཡོད་པས། སྦྲུལ་ཟླའི་མངོན་པར་བྱང་ཆུབ་པའི་ཚེས་གཅིག་གི་ནུབ་མོ་ཁང་ཐོག་ཏུ་ཚེམས་ཟེར་བའི་སྐད་ཆེ་བ་ཞིག་བྱུང་། དེ་ནས་ཁང་པའི་ནང་དཀར་ལམ་གྱི་བྱུང་བའི་དུས་སུ། ཁྱེ་ཁྱེའུ་ཆུང་དཀར་པོ་གཡུ་ཡི་སྨིན་མ་བྱས་པ། དུང་གི་མཆེ་བ་བྱས་པ།
སྐྱེ་འབྲས་དང་ལྡན་པ་ཞིག་བྱུང་ནས། ཁོང་ན་རེ། ཁྱོད་ཀྱིས་བྱང་ཆུབ་ལྟུང་བཤགས་ཀྱི་སྒྲུབ་པ་གྱིས་རྣམ་སྨིན་ཡོད་གསུངས། རྣམ་སྨིན་ཅི་འདུག་བྱས་པས། ཁྱོད་སྐྱེ་བ་གཉིས་ཀྱི་གོང་དུ་དམག་ལྟོ་བྱས་སོ་གསུངས། དེ་ནས་ནམ་མཁའ་ལ་ཡལ་ནས་མི་སྣང་བར་གྱུར།
དེ་ནི་འཇམ་དབྱངས་ཀྱི་སྐུའི་སྤྲུལ་པ་ཡིན་པར་འདུག་གོ།། དེའི་སང་ནུབ་བྱང་ཆུབ་ལྟུང་བཤགས་ཀྱི་སྒྲུབ་པ་ལ་ཞུགས་ནས། ཉིན་མཚན་གཉིས་ལ་ཐུན་གསུམ་གསུམ་བྱས། ཕྱག་བདུན་བརྒྱ་བདུན་བརྒྱ་བཙལ་བས། ཟླ་བ་དེའི་གནམ་གང་གི་ནུབ་མོ་རྨི་ལམ་དུ་བསྐྱུགས་པ་དང་། བཤལ་བ་ལ་སོགས་སྡིག་པ་དག་པའི་རྟགས་མང་དུ་བྱུང་སྟེ།།
ཟླ་བ་རེའི་དགེ་སྦྱོར་བྱས་པ་ལ་དེ་བས་ངོ་ཆེ་བ་མ་བྱུང་། དེ་ནས་ཡང་ནུབ་གཅིག་གི་རྨི་ལམ་ན། བཙུན་ཆུང་ལོ་བརྒྱད་པ་ཙམ་སུམ་ཅུ་སོ་ལྔ་བྱུང་ནས། ཆོས་ཚིག་བཞི་ཚིགས་སུ་བཅད་པ་རེ་རེ་གསུངས་ནས་ནམ་མཁའ་ལ་བྱོན་པ་རྨིས། སངས་རྒྱས་སུམ་ཅུ་རྩ་ལྔའི་སྤྲུལ་པ་ཡིན་པར་འདུག་ནས་སེམས་སྤྲོ་བར་བྱུང་། ཁམས་འདུས་ཤིག་ཡོད་པས་ཀྱང་།
སེམས་ཤིན་ཏུ་འབོལ་བར་རྙེད། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པ་བྱུང་། ལོ་ཉི་ཤུ་རྩ་གསུམ་གྱི་དུས་སུ། གོང་མའི་གསུང་གིས་ཆོས་ཁྲིམས་བྱས་པས། ཉེ་གནས་བཀྲས་རྒྱམ་སྤྱོད་པ་སྣ་ཚོགས་བྱེད། ཟས་བཙན་དུག་ལས་མི་སྲུང་བ་བྱས་ནས།
སྤྱོད་པ་དེ་མི་འཐད་པའི་བསླབ་བྱ་བྱས་པས། ཁོས་གོང་མའི་དྲུང་དུ་མི་གཞན་དཀར་ནག་གི་ཁ་ལ་མཉན་ནས། དགེ་བཤེས་པས་ང་འདོན་པར་འདུག་ཟེར་བ་ཞུས་ནས། ཁོང་མ་མཉེས་པར། ནང་སོའི་བྱ་བྱེད་བྱེད་མི་ཁོ་ལས་མི་འདུག་འདི་མ་འདོན་གསུངས། བཀའ་བསྐྱོན་བཀྱོན་དང་བཅས་ནས་བྱུང་བས།
ཁོའི་སྤྱོད་པ་དེ་དང་། གོང་མའི་བཀའ་བསྐྱོན་བཀྱོན་དེ། ང་འཁྲུལ་བས་ལེན་སྙམ་ནས་འཁོར་བ་ལ་སྐྱོ་བ་གཏིང་ནས་སྐྱེས་ནས། མིའི་སྤྱོད་པའི་གཞིག་པས། སེམས་ནང་དུ་བཀུག་ནས་ཆོས་རང་བྱེད་དགོས་སྙམ་ཡོད་པའི་དུས་སུ། གོང་མའི་གསུང་ནས།
ད་ཁྱེད་ཀྱིས་ས་སྟོད་སྨད་གང་རུང་ཞིག་གི་ཁག་དང་བརྗིད་ཁུར་གསུངས་བ་ལ། དྲུང་ནས་ཁྱེད་རང་སྐུ་ཁམས་བཟང་རིང་ལ། ང་དགེ་སྦྱོར་རང་བྱེད་ལགས་ཞུས་པས། ཁྱེད་དགེ་སྦྱོར་ལེགས་པོ་བྱེད་ན་བཟང་གསུངས། ད་ནང་སོ་དང་ད་ལོ་མི་བསྲེ་བར་ལོགས་སུ་སྡོད་ཞུས་པས། འོ་ན་རྟ་གཅིག་དང་གང་འོས་ཤིག་སྟེར་གསུངས།
རྟ་གཉིས་དགོས་ཞུས་པས། རྟ་མང་པོ་བསྲེལ་བའི་རྒྱང་རྒྱང་ལ་ཆོས་པའི་ལུགས་མན་གསུངས། རྟ་གཉིས་གནང་། ཕས་སྐལ་གྱི་ཤས་ཁལ་བཞི་བཅུ་ཡོང་བས་ཡོད་པས་དེ་གནང་ནས། ལོགས་སུ་སྡོད་རིང་ལ་ཆོས་དང་མཐུན་ན་སྐྱིད་པར་ཡོང་། ང་ཟུར་དུ་སྡོད་དུས་ནས་ཁལ་ཉི་ཤུ་རྩ་ལྔ་ལས་མེད་དེ།
ཡགས་ཏིང་ངེ་བ་བྱུང་བ་ཡིན་གསུང་། དེ་ནས་སང་གློ་འབུར་བུར་ཤར་དུ་གདན་དྲངས་ཚ་བཞེས་ཤིག་ཞུས། སང་ནས་ཟླ་བ་དྲུག་མཚམས་བྱེད་ལགས་པས། དེ་བར་དུ་བར་ཆད་མི་འབྱུང་བའི་གཏོར་མའི་བྱིན་རླབས་ཞུས་ནས། སྒྲོ་བ་དགོན་པའི་གསལ་ལ་ནུབ་འོག་མཛོད་དུ་སྒོ་རྩིགས་ནས་འདག་འབྱར་ལ་བསྡད་ཅིང་། ཉིན་ཞག་ཕྲུགས་རེ་ལ་ཕྱེ་ཕུལ་རེ་ལས་མི་ཟ་བའི་དམ་བཅའ་བྱས།
འཇམ་དཔལ་དང་། དོན་ཞགས་ལ་ཡི་དམ་བྱས་ཟླ་བ་དྲུག་ཏུ་ངག་དམ་པར་བཅད་ནས་འབུངས། ཟས་ཀྱིས་གདན་མ་ནོན་པར་དབུགས་རྒྱུ་བའི་ཡར་འགྲོ་མར་འགྲོ་ལ། རྒྱུ་མ་ལ་སོགས་ཀྱང་ཡར་རྒྱུག་མར་རྒྱུག་བྱེད་པ་བྱུང་། ཁམས་བདེ་ལ་རིག་པ་དྭངས་པ། དེ་དུས་ཁང་པའི་ནང་བཀྲ་ལམ་ཡོད་པའི་ཁྲོད་ན།
རལ་གྲི་སོ་ཐུག་སེ་བ་ཅིག་དང་། མེ་ཏོག་པདྨ་ནོགས་པ་ཅིག་འདུག་དེ་བདག་གི་གཡོག་དམ་ཚིག་མ་གཙང་བའི་སྐྱོན་ཡིན་པར་འདུག་གོ། དེ་ནས་བཟུང་ནས་ད་ལྟ་ཡར་བཅད་ལ་འཇིག་རྟེན་འདིའི་སྣང་ཤས་ཤིན་ཏུ་ཆུང་བར་བྱུང་། དེ་ནས་ཟླ་བ་དྲུག་གི་དམ་བཅའ་ཟིན་པའི་རྗེས་ལ། རག་དུང་ཁང་པར་སྡད་ནས་ཉིན་མོ་མཚམས་དམ་པོ་བཅད། མཚན་མོ་ཕྱིའི་འབུམ་པ་ལ་བསྐོར་བ་བྱས་པས།
མི་རྣམས་ཀྱིས་མཐོང་བ་ལ། འབུམ་པ་ལ་མེས་བསྐོར་བ་བྱེད་པ་འདུག་ཟེར་བ་བྱུང་། འཕྲེང་བ་དང་། གོས་ལ་མེའི་ཚ་ཚ་འཕྲོ་བ་བྱུང་། དེ་དུས་རྡོ་རྗེ་གཏུམ་པོ་ལ་བསྒྲུབ་པ་རྩེ་གཅིག་ཏུ་བྱས་པའི་བྱིན་རླབས་ཞུགས་པ་ཡིན་པར་འདུག་གོ། དེ་ནས་ཡང་ནུབ་ཅིག་ཆོས་འཁོར་ཆེན་པོའི་ཚེས་བརྒྱད་ལ་འཇིགས་སྣང་ཆེར་བྱུང་།
གཉིད་ཟིམ་པས་ལོག་འདུག་པའི་མདུན་དེར། སྡིག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་རྭ་ཟེང་གི་བྱུང་ནས་བརྡུང་བའི་གྲབས་བྱེད་ཅིང་འདུག་པས། རྡོ་རྗེ་གཏུམ་པོའི་མེའི་སྤྲོ་བསྡུ་ལེགས་པ་ཞིག་བྱས་པས། མི་སྣང་བར་གྱུར། དེའི་རྗེས་ལ་མདུན་གྱི་ནམ་མཁའ་ལ་དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ཤིན་ཏུ་ཁྲོས་པ་ཞིག་གསལ་ལམ་གྱིས་བྱོན་བྱུང་། དེ་ནས་ཡང་ཡལ་གྱིས་སོང་...